༅། །བོད་ཡིག་དྲ་འབྲེལ་ཅན་དང་རྒྱལ་སྤྱི་ཅན་གྱི་སྐོར་རགས་ཙམ་གླེང་བ།
ཡེ་ཤེས་བསྟན་འཛིན།
དུས་རབས་ཉེར་གཅིག་ནི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་པས། འཛམ་གླིང་ས་ཕྱོགས་ཁག་གི་རྒྱལ་ཁབ་ཁག་དང་། མི་རིགས་ཁག་དབར་གྱི་འབྲེལ་བ་དམ་ཟབ་འགྲོ་བཞིན་པ་དང་ལྷན་དུ་གོ་ལ་ཁྱོན་ཡོངས་ཀྱི་ལུགས་སྲོལ་དང་། ཤེས་དཔལ། བསམ་བློའི་འཁྱེར་སོ། རིག་གནས་སོགས་གང་ཐད་ནས་ཕན་ཚུན་དབར་ཤུགས་རྐྱེན་ཐེབས་དང་ཐེབས་བཞིན་པ་རེད་ལ། དཔེ་ཀློག་གི་ཐབས་ལམ་ཐད། སྔར་གྱི་དཔེ་ཆ་གཙོ་བོར་བྱེད་པ་ནས་ད་ཆ་དུས་བསྟུན་གྱི་རྩིས་འཁོར་དྲ་འབྲེལ་དང་ཁ་པར་སོགས་དེང་དུས་སྔོན་ཐོན་གྱི་ཡོ་བྱད་སྤྱོད་བཞིན་པ་དེ་རེད། མི་དང་མིའི་དབར་གྱི་ཧེ་བག་གཙོ་བོ་ཡང་ཆ་འཕྲིན་ལ་རྒྱུས་མངའ་ཆེ་ཆུང་ནས་འགྲོ་བའི་རྣམ་པ་འདྲ་པོ་ཞིག་ཐོན་བཞིན་པ་རེད།
དུས་རབས་འདིའི་ནང་དུ་མི་གཞན་དང་ཕྱོགས་གང་ས་ནས་འདྲ་མཉམ་ཞིག་ཐོབ་དགོས་ན་ཐོག་མར་དྲ་འབྲེལ་སྐད་དབང་ཐོག་ནས་མི་གཞན་གྱི་རྗེས་སུ་ལུས་རྒྱུ་མེད། དེང་སྐབས་བོད་རིགས་སློབ་ཆེན་པ་མང་ཆེ་བས་རྩིས་འཁོར་གྱི་བེད་སྤྱོད་སྟབས་བདེ་གཏོང་ཐུབ་པ་དང་། སློབ་མ་མང་པོ་ཞིག་གིས་རང་བདག་རྩིས་འཁོར་ཉོས་ཡོད་པས། ཉིན་ལྟར་རྩིས་འཁོར་གྱི་དྲ་འབྲེལ་ནང་དབྱིངས་ཞུགས་ནས་སྡོད་མཁན་ཡང་མི་ཉུང་བ་ཞིག་ཡོད། ཡིན་ན་ཡང་ཁོ་བོས་མཐོང་བར་གཞིགས་ན། དེ་དག་གི་ཁྲོད་དུ་དམིགས་བྱ་གང་ཡང་མེད་པར་རྒྱུགས་ཁྱི་བཞིན་གཞན་གྱི་ཟེར་སྒྲོས་སུ་རྒྱུགས་མཁན་དང་། ཉིན་མཚན་ལྟོས་མེད་དུ་དྲ་རྩེད་ལ་རོལ་ཏེ་དུས་ཚོད་སྟོང་ཟད་དུ་གཏོང་མཁན་སྐོར་ཞིག དེ་ལས་ཀྱང་ཐབས་སྐྱོ་བ་ནི། སྟབས་བདེའི་བེད་སྤྱོད་ལ་རྒྱུས་མངའ་དབུལ་བས་རང་མཁོའི་དཔྱད་གཞི་ཞིག་འཚོལ་བར་ཡང་ཆུ་ཚོད་ཁ་ཤས་སྡོད་མཁན་དང་། རྩིས་འཁོར་ལ་སྐྱོན་ཏོག་ཙམ་ཤོར་ཡང་བཟོ་མི་ཤེས་པ། ཐ་ན་རྒྱུད་ཁུངས་མགོ་ནས་སྒྲིག་འཇུག་ཀྱང་བྱེད་མི་ཐུབ་པའི་སློབ་གྲོགས་མང་པོ་ཞིག་ཡོད། ནན་ཏན་གྱི་བསམ་གཞིག་ཅིག་བྱས་ན་སེམས་སྐྱོ་དགོས་པ་ཞིག་མ་རེད་དམ། ང་ཚོ་ཚང་མ་ཆ་འཕྲིན་དང་ཚན་རྩལ་གྱིས་ཕྱུག་པའི་བརྟན་བརླིང་དུས་རབས་ཀྱི་སྤྱི་ཚོགས་ནང་འཚར་ལོང་བྱུང་བ་ཤ་སྟག་ཡིནཔས། དུས་རབས་འདིའི་ནང་གཙོ་ཆེ་ཤོས་ཀྱི་འཚོ་བའི་ཡོ་བྱད་དང་ལག་རྩལ། རིག་གནས། བསམ་བློ་སོགས་ལ་སློབ་སྦྱོང་དང་བེད་སྤྱོད། ཉམས་ཞིབ་སོགས་བྱེད་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་རེད་འདུག མི་རིང་བའི་གོང་རྒྱ་ཡིག་གི་དྲ་གནས་ལག་རྩལ་ཞིབ་འཇུག་ལ་འབྲས་བུ་གཡུར་དུ་ཟ་བ་ཐོན་འདུག་ལ། རྒྱ་ཡིག་གི་དྲ་གནས་ ཀྱང་ལེགས་གྲུབ་བྱུང་བས། ད་ཆ་རྒྱ་ཡིག་གི་དྲ་གནས་ཁྱབ་གདལ་དུ་བཏང་དང་གཏོང་བཞིན་པ་ང་ཚོའི་མཐོང་ཆོས་སུ་གྱུར། དེ་ནི་ཀྲུང་གོའི་རྒྱལ་ཁབ་འདི་ཉིད་འཛམ་གླིང་དྲ་འབྲེལ་ཐོག་གི་སྐད་དབང་ཤུགས་ཆེ་རུ་ཕྱིན་པ་དང་། རྒྱ་ཡིག་ལ་དབྱིན་ཡིག་དང་ལ་ཏིང་གཅིག་མཚུངས་ཀྱི་གོ་གནས་ཐོབ་པའི་མཚོན་རྟགས་རེད། དེ་ལས་ལྡོག་པའི་ཉམ་ཆུང་གི་བོད་ཡིག་འདིར་བོད་ཡིག་གི་དྲ་གནས་ལྟ་བུ་ལོ་ཤས་རིང་སྤྱིར་བཏང་རེ་བ་མི་འདུག་ལ་རྩིས་འཁོར་ཐད་ཀྱི་ལག་རྩལ་མི་སྣ་དང་མཁས་པ་ཡང་ཧ་ཅང་ཉུང་ཉུང་རེད། ཐ་ན་ད་ལྟ་དྲ་འབྲེལ་སྟེང་གི་བོད་ཡིག་ཡིག་གཟུགས་དང་གཏག་ཆས་དེ་ཡང་གཅིག་གྱུར་ཡོང་ཐུབ་ཀྱི་མེད་པ་ནི་ང་ཚོའི་སྐྱོ་གར་རེད།
སྤྱིར་དྲ་འབྲེལ་ཐོག་སྐད་དབང་ཞིག་ཐོབ་དགོས་ན་ཐོག་མར་རང་མི་རིགས་ཀྱི་སྐད་ཡིག་དེ་དྲ་འབྲེལ་ཐོག་བྱང་ཆུབ་པ་ཞིག་བཀོལ་དགོས། མིག་སྔར་རྒྱ་ཡིག་ཐོག་ནས་བོད་དང་འབྲེལ་བའི་དྲ་ཚིགས་དང་དཔྱད་གཞི་སོགས་གང་མང་ཞིག་ཡོད་ཀྱང་མང་ཆེ་བ་བོད་མིས་གསར་སྐྲུན་བྱས་པ་མ་རེད། བོད་ཡིག་ཐོག་ནས་བོད་དང་འབྲེལ་བའི་དྲ་ཚིགས་དང་དཔྱད་གཞི་སོགས་མང་པོ་མེད་ཀྱང་མང་ཆེ་བ་བོད་མིས་གསར་སྐྲུན་བྱས་པ་རེད། དེར་བརྟེན་དྲ་ཐོག་ཏུ་ཡིག་རིགས་མི་འདྲ་བའི་ཐོག་ནས་བོད་དང་འབྲེལ་བའི་དྲ་ཚིགས་དང་དཔྱད་གཞི་སོགས་མང་པོ་ཞིག་ཡང་ནས་ཡང་དུ་གསར་སྐྲུན་བྱེད་རྒྱུ་དེ་དངོས་གནས་གལ་ཆེན་པོ་ཞིག་དང་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་ཀྱང་ཡིན་པར་བསམ། དེར་བརྟེན་ང་ཚོར་བསམ་བློ་དང་མིག་རྒྱང་འདི་འདྲ་ཞིག་དགོས་ངེས་འདུག་སྟེ། གཅིག་ནས་དེང་རབས་ཀྱི་དྲ་འབྲེལ་ལག་རྩལ་དང་དེའི་བེད་སྤྱོད་ཀྱི་ཐབས་ལམ་སོགས་ཤེས་དགོས། དེས་རང་ཉིད་ཀྱི་ལས་གནས་ལ་ཕན་ཐོགས་ཡོད་པ་མ་ཟད། ཤེས་རྒྱ་དང་མཐོང་རྒྱ་ཡང་ཆེ་རུ་འགྲོ་ངེས་རེད། གཉིས་ནས་དྲ་ཐོག་ཏུ་རང་ཉིད་ཀྱི་ཟིན་བྲིས་དང་དྲ་ཚིགས་སོགས་གསར་འཛུགས་བྱས་ཏེ་ཆ་འཕྲིན་མང་པོ་ཞིག་དྲ་ཐོག་ཏུ་བསྐྱལ་དགོས། དེས་བོད་རིགས་དྲ་བར་འཇུག་མཁན་ཀྱི་མི་གྲངས་ཇེ་མང་དུ་འགྲོ་ཐུབ་རྒྱུ་དང་། རང་ཉིད་དང་འབྲེལ་ཡོད་ཀྱི་དྲ་ཚིགས་མང་པོ་ཞིག་ནང་བོད་དང་འབྲེལ་བའི་ཆ་འཕྲིན་རང་བཞིན་གྱི་སླེབས་ཐུབ། ཆ་འཕྲིན་ག་ཚོད་ཀྱིས་མང་ན་དེ་ཚོད་ཀྱིས་འཚོལ་བདེ་བ་དང་རྙེད་བདེ་བ། ལྷག་པར་དུ་སློབ་ཆེན་སློབ་མ་ཚང་མ་ཤེས་བྱ་ཡོན་ཏན་ཡོད་པ་ཤ་སྟག་རེད། གསར་སྐྲུན་བྱས་པའི་ཆ་འཕྲིན་ཡང་རིན་ཐང་ལྡན་པ་ཞིག་ཡིན་པར་ཡིད་ཆེས་ཡོད། ང་ཚོ་ཚང་མར་བསམ་བློ་དང་སྙིང་སྟོབས་དེ་འདྲ་ཞིག་སླེབས་དུས་ངེས་པར་དུ་ལག་བསྟར་གཏོང་དགོས། ཐོག་མར་ང་ཚོས་བསྒྲུབ་དགོས་པ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་རྣམས་བེད་སྤྱོད་ཅིང་། ཐུན་མོང་གི་གཏག་ཆས་ཁ་ཤས་ལ་རྒྱབ་སྐྱོར་བྱེད་དགོས། ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། བོད་ལྗོངས་སློབ་ཆེན་གྱི་རྒན་ཉི་མ་བཀྲ་ཤིས་ལགས་ཀྱིས་སྐུ་ལས་འོག སྤྱི་ལོ་༡༩༩༧ལོར་བོད་ཡིག་ཡིག་གཟུགས་ལ་ཐོག་མར་རྒྱལ་སྤྱིའི་ཚད་ལྡན་གྱི་ཚད་གཞི་ཐོབ། དེས་བོད་ཡིག་འདི་ཉིད་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ནང་རྒྱལ་སྤྱིའི་ཚད་ལྡན་གྱི་ཚད་གཞི་ཐོབ་པའི་ཡིག་རིགས་ཨང་དང་པོར་གྱུར། ལོ་མང་རིང་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་མང་པོ་ཞིག་ཆར་ཤུལ་དུ་སྨྱུག་རྩྭ་རྒྱས་པ་བཞིན་ང་ཚོའི་མིག་ལམ་དུ་བསྟར། འོན་ཀྱང་སྤྱི་ལོ་༢༠༠༧ལོའི་WindowsVistaདེ་ཁྲོམ་རར་བཀྲམ་པ་ནས་བཟུང་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཡིག་གཟུགས་(himalaya.ttf)དེ་གཞི་ནས་དངོས་སུ་ཁྱབ་གདལ་བྱུང་བ་ཚང་མས་མཁྱེན་གསལ་རེད། དེ་དང་ལྷན་དུ་ཧི་མ་ལ་ཡ་གཏག་ཆས་ཀྱང་ཀྲུང་གོའི་ཚད་གཞི་དང་མཐུན་པའི་བོད་ཡིག་གཏག་ཆས་ཤིག་ཏུ་གྱུར་པ་མ་ཟད་རྒྱལ་ཁབ་ནས་ཀྱང་རྒྱབ་སྐྱོར་མི་དམན་པ་ཐོབ་པ་རེད། ན་ནིང་ལོ་གསར་སྐབས་སྐུ་ཞབས་སྨོན་ལམ་ལགས་ཀྱི་༼སྨོན་ལམ་བོད་ཡིག་གསུམ་པ་༽ལེགས་སྒྲུབ་བྱུང་བ་དང་རིན་མེད་ཀྱིས་དྲ་བར་འཇུག་མཁན་རྣམས་ལ་ཕབ་ལེན་དང་བེད་སྤྱོད་དུ་གནང་། དེས་བོད་ཡིག་འདི་ཉིད་ཀྱང་དབྱིན་རྒྱ་བཞིན་དཔུང་པ་མཉམ་གཤིབ་ཀྱིས་དྲ་བའི་ཐོག་ཤར་རེར་སྤྱོད་ཐུབ་པ་བྱུང་བ་རེད། །
དེ་ན། རང་རེའི་སྐད་ཡིག་འདི་ཉིད་དྲ་བའི་ཐོག་ལ་ཅིག་འགྱུར་དང་གཞན་གྱི་རྗེས་ཆོད་པ་ཐུབ་སླད། རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་ལ་རྒྱབ་སྐྱོར་དང་བེད་སྤྱོད་བྱེད་དགོས། དེ་ཡང་། རྒྱུན་གཏན་གྱི་འཚོ་བའི་ནང་ཧི་མ་ལ་ཡ་གཏག་ཆས་དང་སྨོན་ལམ་གཏག་ཆས་གཉིས་བཀོལ་སྤྱོད་དང་རྒྱ་ཁྱབ་ཏུ་བྱས་ཏེ། རིམ་བཞིན་བོད་ཡིག་ཡིག་གཟུགས་གཅིག་གྱུར་དང་གཏག་ཆས་གཅིག་གྱུར་ཐད་ལ་འབད་པ་བྱ་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་།
མཇུག་མཐར། བོད་རིགས་སློབ་ཆེན་པའི་མིང་ཐོགས་པ་ཀུན་ནས་དྲ་ཐོག་ཏུ་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཆ་འཕྲིན་གྱི་དུས་སྐབས་ནང་། ཕ་མེས་བཟང་པོའི་སྙིང་ནོར་བོད་སྐད་ཡིག་གི་འཛིན་སྐྱོང་སྤེལ་གསུམ་དེ་རང་གི་ཉིན་རེའི་འཚོ་བའི་གྲུབ་ཆ་ཞིག་ཏུ་འགྱུར་བ་བྱས་ཏེ། བོད་སྐད་ཡིག་གིས་ང་ཚོའི་འཚོ་བར་བསྐྲུན་པའི་ལེགས་སྐྱེས་དག་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེ་རང་རེད། དེ་ལྟ་བུའི་སྐུལ་སློང་ལག་བསྟར་ཐུབ་ཚེ། བོད་ཡིག་གི་དྲ་འབྲེལ་སྐད་དབང་ཡང་ཆེ་རུ་འགྲོ་ངེས་རེད་ལ་བོད་ཡིག་ལ་མཐོང་ཆེན་དང་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། བོད་སྐད་ཡིག་གི་རིན་ཆེན་ནོར་བུའི་གསེར་འོད་ས་འཛིན་གོ་ལའི་ཁྱོན་ལ་ཇེ་གསལ་ནས་ཇེ་བཀྲག་ཏུ་འགྲོ་ངེས་པར་ཡིད་ཆེས་ཡོད།
གལ་ཏེ་ཁྱེད་རང་ཐུགས་ཡིད་མ་ཆེས་ན། Googleནང་༼བོད་༽ཅེས་གཏག་ནས་འཚོལ་ཞིབ་ཞིག་གྱིས་དང་། ཐོན་ཁུངས་མི་འདྲ་བ་ཞིག་ཁྱེད་ཀྱི་མིག་མདུན་དུ་འཆར་ངེས་ཡིན། །